
a registered 501(c)(3) non-profit organization
ཨ་རི་ཆོ་འཕྲུལ་སྨོན་ལམ།

ཨ་རི་ཆོ་འཕྲུལ་སྨོན་ལམ་ཚོགས་པ།
ཨ་རི་གཞུང་ལ་དེབ་སྐྱེལ་ཟིན་པའི་ཁེ་མེད་དགེ་རྩ་ཚོགས་པ།
ཨ་རི་ཆོ་འཕྲུལ་སྨོན་ལམ་ཚོགས་པ་འདི་བཞིན་ཕྱི་ལོ་ ༢༠༡༩ ལོར་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་དྲུག་བརྒྱའི་རྗེས་དྲན་མཛད་སྒོའི་སྐབས། ནིའུ་ཡོག་དང་ཉེ་འཁོར་མངའ་སྡེའི་དགེ་ལྡན་པའི་ཆོས་སྡེ་ཁག་གི་བླ་གྲྭ་མི་འཐུས་རྣམས་ནས་ཨ་རིའི་ནང་དགེ་ལུགས་སྤྱིའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་པ་ཞིག་དགོས་གལ་ཆེ་བར་གཟིགས་ཏེ། བསྟན་བདག་ཆོས་རྗེ་རྣམ་གསུམ་ལ་ཞུས་ནས་བཀའ་འཁྲོལ་ཐོབ་རྗེས་ནིའུ་ཡོག་དང་། ནིའུ་ཇར་སི། ཀེ་ན་ཊི་ཀ་བཅས་ཀྱི་དགེ་ལུགས་པའི་ཆོས་སྡེ་ཁག་གི་སྐུ་ཚབ་མཉམ་འབྲེལ་གྱིས་ཚོགས་པ་གསར་འཛུགས་གནང་།
ཚོགས་པའི་དམིགས་ཡུལ་དང་སྒྲིག་གཞི་སོགས་ཀྱི་སྐོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བསྟན་བདག་ཆོས་རྗེ་རྣམ་གསུམ་ལ་སྙན་སེང་ཞུས་ཏེ་བཀའ་སློབ་ལམ་སྟོན་བཞིན། ད་བར་ཨ་རིའི་གྲོང་ཁྱེར་ཆེ་ཁག་ནང་བླ་སྤྲུལ་དགེ་འདུན་རྣམས་དང་མི་མང་ལྷན་འཛོམས་ཀྱིས་དགའ་ལྡན་ལྔ་མཆོད་དང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཆོས་ཕྱོགས་ཀྱི་མཛད་སྒོ་རྣམས་གནང་མུས་ཡིན་པ་དང་། དེ་བཞིན་གཞོན་སྐྱེས་ཚོར་༧གོང་ས་མཆོག་གི་རླབས་ཆེའི་དགོངས་གཞི་རྟོགས་ཐབས་ཀྱི་ལས་འགུལ་ཁག་ཀྱང་སྤེལ་བཞིན་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་ཚོགས་པའི་མིང་ལ་ ”ཨ་རི་ཆོ་འཕྲུལ་སྨོན་ལམ་” ཞེས་བཏགས་ཤིང་། ཕྱི་ལོ་ ༢༠༢༣ ལོར་ནིའུ་ཡོག་ཏུ་ཨ་རི་གཞུང་གི་ཁྲིམས་མཐུན་ཁེ་མེད་ཚོགས་པར་དེབ་སྐྱེལ་ཟིན་པའི་ཁེ་མེད་དགེ་རྩའི་ཚོགས་པ་ཞིག་ཡིན།།
US Choral Monlam Association Inc.
A legally registered 501(c)(3) non-profit religious organization in the United States.
The US Chotrul Monlam was established in 2019 during the 600th anniversary commemoration of Je Tsongkhapa. Representatives and monastics from Gelug Buddhist centers in New York and neighboring states recognized the need for a unified Gelug Great Prayer Festival organization in America. After receiving approval from the three supreme Dharma holders, they established the organization through collaboration among representatives from Gelug Buddhist centers in New York, New Jersey, and Connecticut.
After presenting the organization's objectives and regulations to His Holiness the Dalai Lama and the three supreme Dharma holders, and following their guidance, they have been continuously conducting Ganden Ngacho (Festival of Lights) and Great Prayer Festival ceremonies in major American cities, bringing together spiritual masters, reincarnate lamas, monks, and the public. They also organize activities to help youth understand His Holiness the Dalai Lama's profound vision.
Following His Holiness the Dalai Lama's directive, the organization was named "US Chotrul Monlam" and was officially registered as a non-profit organization with the United States government in New York in 2023.

ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ལོ་རྒྱུས་སྙིང་བསྡུས།
A Brief History of the Great Prayer Festival (Chotrul Monlam Chemo)
ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི་རྗེ་ཙོང་ཁ་པ་ཆེན་པོས་ཕྱི་ལོ་ ༡༤༠༩ ལོར་ལྷ་ས་གཙུག་ལག་ཁང་དུ་ཐོག་མར་བཙུགས་གནང་བ་ཞིག་ཡིན། འདི་ནི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པས་དགུང་ལོ་སོ་ལྔའི་སྐབས་མཉན་ཡོད་དུ་མུ་སྟེགས་པའི་སྟོན་པ་དྲུག་ལ་ཆོ་འཕྲུལ་བཅུ་གཉིས་བསྟན་ནས་ཕམ་པར་མཛད་པའི་དུས་ཆེན་དང་བསྟུན་ནས། བོད་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་མཆོད་འབུལ་སྨོན་ལམ་གསུང་སྲོལ་གསར་གཏོད་མཛད།
རྗེ་བླ་མས་ཐོག་མར་གསར་འཛུགས་མཛད་སྐབས་དགེ་འདུན་པ་སྟོང་ཕྲག་བརྒལ་བ་འདུས་ཤིང་། དེའི་རྗེས་ནས་ལོ་ལྟར་དགེ་འདུན་འདུས་ཚོགས་ཇེ་མང་དུ་གྱུར་ཏེ་ཕྱི་ལོ་ ༡༥༠༠ ཙམ་ནས་དགེ་འདུན་པ་ཁྲི་ཚོ་བརྒལ་བ་འདུ་འཛོམས་བྱུང་བར་གྲགས། དེ་ནས་རིམ་བཞིན་རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱིས་སྨོན་ལམ་ཆེན་མོའི་སྐབས་ཀྱི་མཛད་སྒོ་རྣམས་སྔར་ལས་རྒྱས་པར་གནང་བ་དང་། ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་འབྲས་སྤུངས་དང་། སེ་ར། དགའ་ལྡན་བཅས་ཀྱི་དགེ་བཤེས་རྣམས་ཀྱིས་རྟགས་གསལ་གཏོང་བ་དང་། དགེ་འདུན་པ་རྣམས་ཀྱིས་མདོ་སྔགས་ཀྱི་ཆོས་སྤྱོད་ཁག་གསུང་བ། མང་ཚོགས་ཀྱིས་མཆོད་མཇལ་ཞུ་བ་སོགས་ཀྱི་སྲོལ་བཟང་ཆགས། བོད་རབ་བྱུང་བཅུ་པའི་ཆུ་གླང་ (ཕྱི་ལོ་ ༡༦༡༣) ལོ་ནས་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་ལོ་དྲུག་རིང་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུ་མཛད་ཅིང་། དེ་སྐབས་དབུས་གྱུར་གདན་ས་ཆེན་པོ་གསུམ་གྱི་དགེ་བཤེས་མཁས་པ་རྣམས་ནས་ལྷ་ལྡན་སྨོན་ལམ་ཚོགས་དབུས་སུ་སྔ་དྲོ་ཚད་མ་རྣམ་འགྲེལ་དང་། ཉིན་གུང་དབུ་ཕར་གཉིས། དགོང་དྲོ་འདུལ་མཛོད་བཅས་གཞུང་ཆེན་པོ་ཏི་ལྔའི་དམ་བཅའ་བཞག་སྟེ་ལྷ་ལྡན་རབ་འབྱམས་སྨྲ་བའི་ (དགེ་བཤེས་ལྷ་རམས་པ།) མཚན་གནས་གནང་སྲོལ་གྱི་ལམ་ལུགས་(ཕྱི་ལོ་ ༡༦༡༤ ལོར་) གསར་གཏོད་མཛད།
སྤྱི་ཚོགས་ཀྱི་འགྱུར་བགྲོས་དང་བསྟུན་ནས་ཆོ་འཕྲུལ་སྨོན་ལམ་ཚོགས་རྒྱུར་ཡང་ཉམས་རྒུད་དང་དར་རྒྱས་ཀྱི་འཕེལ་རིམ་གང་ཙམ་བྱུང་ཡོད། གང་ལྟར་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་བར་ལྷ་སར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་མུས་ཡིན་ཞིང་། ༡༩༥༩ ལོའི་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པའི་བླ་སྤྲུལ་དགེ་འདུན་རྣམས་ཀྱིས་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་སོགས་སུ་གཞི་རྒྱ་ཆེ་བའི་ཆོ་འཕྲུལ་སྨོན་ལམ་གསར་འཛུགས་གནང་བ་དང་། དེང་སྐབས་འཛམ་གླིང་ཡུལ་གྲུ་མང་པོར་ཁྱབ་སྟེ་ལོ་ལྟར་གཟབ་རྒྱས་ངང་སྲུང་བརྩི་ཞུ་བཞིན་ཡོད།
The Great Prayer Festival (Monlam Chenmo) was first established by Je Tsongkhapa in 1409 at the Jokhang Temple in Lhasa. This festival commemorates Buddha Shakyamuni's victory over six rival teachers at Shravasti, and consists of prayers and offerings held from the first to the fifteenth day of the first Tibetan month.
Under the guidance of successive Dalai Lamas, a tradition developed where Geshe scholars from the three great monasteries (Drepung, Sera, and Ganden) would engage in philosophical debates, monks would perform sutra and tantra rituals, and the public would make offerings and pilgrimages. In 1614, the Fourth Panchen Lama established the system of conferring the Geshe Lharampa degree (the highest academic degree in Tibetan Buddhism) during the festival, which involved scholarly examinations on the five major Buddhist philosophical texts.
The Great Prayer Festival continued in Lhasa until the mid-twentieth century. After 1959, it was re-established in India, Nepal, Bhutan, and other countries, and today, the tradition continues to be celebrated annually throughout many parts of the world.

ང་ཚོའི་དམིགས་ཡུལ། Our Mission
བྱང་ཨ་རིའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པའི་ཐོག་ནས།
-
རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ཐབས།
-
བོད་ཀྱི་ཐུན་མིན་རིག་གཞུང་དང་། ཆོས་ལུགས། གོམས་སྲོལ་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན།
-
བྱང་ཨ་རིའི་མཐོ་སློབ་ཁག་དང་། ཆོས་ཚོགས། གཞོན་སྐྱེས་རུ་ཁག་བཅས་དང་མཉམ་འབྲེལ་ཐོག་འགྲོ་བ་མིའི་རིགས་ཡོངས་ལ་ཕན་པའི་༧གོང་ས་མཆོག་གི་དགོངས་གཞི་རྣམས་རྒྱ་ཁྱབ་ཏུ་སྤེལ་རྒྱུ།
-
མ་འོངས་མི་རབས་གསར་པའི་ནང་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་བཏང་སྟེ་འཛམ་གླིང་ཞི་བདེ་བསྐྲུན་ཐབས་བཅས་ཀྱི་ལས་འགུལ་སྤེལ་རྒྱུ།
Our mission in North America is to advance the Buddha's teachings, with special emphasis on the tradition of the great Je Tsongkhapa, while fostering human wellbeing. We work to preserve and promote Tibet's unique cultural heritage, spiritual traditions, and noble customs. Through partnerships with universities, religious organizations, and youth groups across North America, we actively share His Holiness the Dalai Lama's profound wisdom that benefits all humanity. Our initiatives focus on cultivating ethical values in future generations, thereby contributing to world peace.